
༄༅། །རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ།
International Nyingma Foundation
༄༅། ཐེབས་རྩའི་ངོ་སྤྲོད།
༄༅། །རྒྱལ་སྤྱི་དཔལ་སྔ་འགྱུར་རྙིང་མའི་ཐེབས་རྩ་ཚོགས་པ་འདི་བཞིན་ཐོག་མར་ཁེ་ན་ཌའི་ས་གནས་སུ་ཚོགས་གཙོ་སྤྲུལ་སྐུ་བདེ་ཆེན་རྡོ་རྗེས་དབུ་འཁྲིད་པའི་རྒྱུན་ལས་ཁོངས། ཚོགས་གཞོན་ཐུབ་བསྟན་ཆོས་འཕེལ། དྲུང་ཆེ་ཕུན་ཚོགས་སྟོབས་རྒྱལ། ཆོས་ཕྱོགས་འགན་འཛིན་ཨོ་རྒྱན་རྒྱལ་པོ། དངུལ་གཉེར་སློབ་དཔོན་འཇིགས་མེད་དབང་ཕྱུག རྩིས་པ་བསྟན་འཛིན་དགའ་བ། གཉེར་པ་ཚུལ་ཁྲིམས་རྡོ་རྗེ། དེ་བཞིན་ཚོགས་མི་ཟུར་པ། མཆོག་སྤྲུལ་ཞིང་གཤེགས་དམ་པ་པདྨ་རྣམ་རྒྱལ་རིན་པོ་ཆེ་དང་། ཏཱ་རཱ་སྒྲོལ་མ། དཔལ་ལྡན་འབྲུག་གྲགས། ཚུལ་ཁྲིམས་བཟང་པོ་བཅས་ནས། མ་གྲོས་བསམ་པ་གཅིག་མཐུན་གྱིས་ཐོག་མར་ཁེ་ན་ཌའི་རྒྱལ་ཁབ་འདི་ཉིད་གཙོ་བོར་གྱུར་པའི་འཛམ་གླིང་ཁྱོན་ཡོངས་ལ། རྒྱལ་བསྟན་སྤྱི་དང་། ཁྱད་པར་བོད་བརྒྱུད་ནང་བསྟན། སྒོས་སུ་མཚོ་སྐྱེས་རྒྱལ་པའི་བསྟན་པ་རིན་པོ་ཆེ། བོད་རིག་པ། སྤྱི་ཚོགས་ཞབས་ཞུ་བཅས་ཀྱི་ཞབས་འདེགས་རྒྱ་མི་ཆུང་བ་བསྒྲུབ་རྒྱུར་དམིགས་ཏེ། བོད་རྒྱལ་ལོ་ ༢༠༤༩ ཟླ་བ་ ༢ ཚེས་ ༤། ཕྱི་ལོ་ ༢༠༢༢ ཟླ་བ་ ༤ ཚེས་ ༥ རེས་གཟའ་མིག་དམར་ཉིན་དེབ་བསྐྱེལ་ཞུས་པའི་ཁེ་མེད་ཚོགས་པ་ཞིག་ཡིན།
ད་བར་འདས་པའི་ལོ་བཞིའི་རིང་གུས་འབངས་ནས་ས་གནས་སུ་རང་གཞན་ཚོགས་རྫོགས་པའི་སླད་དུ་བསྟན་པའི་བྱ་བ་ཕྲན་བུ་རེ་གང་དང་གང་གྲུབ་པའི་སྐོར་མདོ་ཙམ་སྙན་སྒྲོན་ཞུས་ན།
༡། ཕྱི་ལོ་ ༢༠༢༢ ཕྱི་ཟླ་ ༨ ནས་བརྩམས་ཏེ་ད་བར་ས་གནས་སུ་ཉེར་ལྔ་ཆད་མེད་ཚོགས་ཏེ། སྐབས་དེར་ཉམས་ལེན་པ་རྣམས་ལ་ནང་ཆོས་ཀྱི་ངོ་སྤྲོད་ཞུ་བཞིན་ཡོད།
༢། ཕྱི་ལོ་ ༢༠༢༢ ལོར་ཁེ་ན་ཌར་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་དང་པོ་དེ་བཞིན་༧སྐྱབས་རྗེ་རྣམ་རྒྱལ་ཟླ་བ་རིན་པོ་ཆེ་དབུ་བཞུགས་ཐོག་གོ་སྒྲིག་ཞུས་པ་དང་། དེ་ནས་ཕྱི་ལོ་ ༢༠༢༣ ལོར་ཁེ་ན་ཌའི་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་གཉིས་པ། དེ་བཞིན་༧སྐྱབས་རྗེ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་རྒྱལ་སྲས་ཤེས་རབ་གྲགས་པ་རིན་པོ་ཆེ་དབུ་བཞུགས་ཐོག་གོ་སྒྲིག་ཞུས་ཞིང་། སྐབས་དེར་ངེད་ཚོགས་མི་ཚོའི་ཐོག་མའི་འཆར་གཞི་དང་། རེ་འདུན་ལྟར་༧སྐྱབས་རྗེ་རིན་པོ་ཆེ་རྣམ་གཉིས་དབུ་
བཞུགས་ཐོག གུས་འབངས་ནས་ཁེ་ན་ཌ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཚོགས་པའི་མ་འོངས་སྲ་བརྟན་སླད་བཅའ་ཡིག་ཟིན་བྲིས་ཞུས་པ་དེར། བཀུར་འོས་སློབ་སྟོན་པ་རྣམ་པ་དང་། སྐབས་གསར་རྙིང་གི་ཚོགས་མི་ཐམས་ཅད་ཚང་འཛོམས་ཀྱིས་བསྐྱར་བཅོས་དང་པོ་ལེགས་གྲུབ་ཀྱིས་སྤྱི་མོས་ཐོག་གཏན་འབེབས་ཞུས་པ་དེའི་དགོངས་དོན་གཞིར་བཟུང་། ཁེ་ན་ཌའི་རྙིང་མའི་ཆོས་སྡེ་ཁག་ལས་གྲུབ་པའི་ཁེ་ན་ཌ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ལོ་ལྟར་ཆེད་མེད་ཚོགས་ཐུབ་པའི་སླད་དུ། ས་གནས་སུ་ཁེ་ན་ཌ་དཔལ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་གོ་སྒྲིག་ཚོགས་པ་ཞིག་གསར་དུ་བཙུག་ཐུབ་པ་བྱུང་ཞིང་། དེ་འབྲེལ་སྨོན་ལམ་སྐབས་དང་པོ་དང་གཉིས་པའི་ལས་བསྡོམས་དང་རྩིས་ཁྲ་སྙན་སྒྲོན་ཞུས་པ་མ་ཟད། དཔེ་ཆ་དང་། སྨོན་ལམ་གྱི་མ་དངུལ། ཆོས་རྫས་སོགས་ཇི་ཡོད་ཐོ་བཀོད་ཀྱིས་སྨོན་ལམ་ཚོགས་པར་རྩིས་འབུལ་ལེགས་གྲུབ་ཞུས།
༣། ཕྱི་ལོ་ ༢༠༢༢ ལོར་ཁྲོས་མ་ཉམས་ལེན་པ་རྣམ་པའི་མངོན་འདོད་ལྟར་ཁྲོས་མའི་འབུམ་ཚོགས་ཐེངས་དང་པོ་དེ་བཞིན་༧སྐྱབས་རྗེ་རྣམ་རྒྱལ་ཟླ་བ་རིན་པོ་ཆེ་དབུ་བཞུགས་ཐོག་གོ་སྒྲིག་ཞུས་པ་དང་། ཕྱི་ལོ་ ༢༠༢༣ ལོར་ཁྲོས་མའི་འབུམ་ཚོགས་ཐེངས་གཉིས་པ་དེ་བཞིན་༧སྐྱབས་རྗེ་རྣམ་རྒྱལ་ཟླ་བ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་རྒྱལ་སྲས་ཤེས་རབ་གྲགས་པ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་གོ་སྒྲིག་ཞུས་པ་དང་། ཕྱི་ལོ་ ༢༠༢༤ ལོར་ཁྲོས་མའི་འབུམ་ཚོགས་ཐེངས་གསུམ་པ་དེ་བཞིན་༧སྐྱབས་རྗེ་རྦ་ཁ་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་རྣམ་རྒྱལ་ཟླ་བ་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག་གོ་སྒྲིག་ཞུས་པ་དང་། ཕྱི་ལོ་ ༢༠༢༥ ལོར་ཁྲོས་མའི་འབུམ་ཚོགས་ཐེངས་བཞི་པ་དེ་བཞིན་༧སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་མཆོག་དབུ་བཞུགས་ཐོག་གོ་སྒྲིག་ཞུས་ཐུབ་པ་བྱུང་།
༤། མཉམ་མེད་རྒྱལ་བ་ཀློང་ཆེན་པས་དབུས་པའི་སྔ་འགྱུར་བསྟན་པའི་མཛེས་རྒྱན་རྣམ་པའི་བཀའ་དྲིན་རྗེས་དྲན་སླད་དགོངས་རྫོགས་མཆོད་འབུལ་རྒྱ་མི་ཆུང་བ་གོ་སྒྲིག་ཞུ་མུས་ཡིན།
༥། ཁྲོས་མའི་ཉམས་ལེན་པ་རྣམ་པའི་ཆེད་དབུ་མཛེས་བསོད་ནམས་སྟོབས་རྒྱལ་ལགས་ཆེད་འབོད་ཀྱིས་འདོན་རྟ་དབྱངས་སམ་ཆོ་ག་ཕྱག་ལེན་གྱི་འཛིན་གྲ་རིན་མེད་ཐོག་གོ་སྒྲིག་ཞུས།
༦། དེ་བཞིན་ཡུལ་ལུང་འདི་ཕྱོགས་སུ་རང་ལུགས་ཀྱི་བཀའ་ཁྲིད་དང་། བཀའ་དབང་སོགས་ཐོབ་པར་ཤིན་ཏུ་ནས་དཀའ་བས། སྨོན་ལམ་དང་འབུམ་ཚོགས་སྐབས་ཀྱི་གོ་སྐབས་དང་བསྟུན་མི་མང་ལ་རང་ལུགས་ཀྱི་བཀའ་ཁྲིད་དང་བཀའ་དབང་གི་གོ་སྐབས་བསྐྲུན་ཐུབ་ན་དགེ་མཚན་ཆེ་བར་མཐོང་ནས།
༢༠༢༢ ལོར་༧སྐྱབས་རྗེ་གདུང་སྲས་རྣམ་རྒྱལ་ཟླ་བ་རིན་པོ་ཆེ་མཆོག་ནས། མཚོ་སྐྱེས་ཐུགས་ཐིག་གི་ཚེ་དབང་དང་བཀའ་སློབ་གོ་སྒྲིག་ཞུས།
༢༠༢༣ ལོའི་སྨོན་ལམ་སྐབས།
ཀ ཉིན་དང་པོའི་སྔ་དྲོ་དབུ་འབྱེད་མཛད་སྒོའི་སྐབས་༧སྐྱབས་རྗེ་རིན་པོ་ཆེ་རྣམ་གཉིས་ནས་འདིར་ཚོགས་ཡོངས་ལ་ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཟབ་མོ་སྩལ་གནང་མཛད་པ་དང་། ཕྱི་དྲོ་སྨོན་ལམ་གྲོལ་བ་དང་༧སྐྱབས་རྗེ་རྒྱལ་སྲས་རིན་པོ་ཆེ་མཆོག་ནས་བར་དོའི་ངོ་སྤྲོད་ཀྱི་བཀའ་ཆོས་ཟབ་རྒྱས་བཅས་གོ་སྒྲིག་ཞུས།
ཁ ཉིན་གཉིས་པའི་ཕྱི་དྲོ་སྨོན་ལམ་གྲོལ་བ་དང་༧སྐྱབས་རྗེ་མཁན་ཆེན་པདྨ་ཤེས་རབ་རིན་པོ་ཆེ་མཆོག་ནས་སྐྱབས་འགྲོའི་ངོ་སྤྲོད་ཀྱི་བཀའ་ཆོས་དང་། གནམ་ཆོས་ལས་ཐུགས་རྗེ་ཆེན་པོའི་བཀའ་དབང་ཟབ་མོ་བཅས་གོ་སྒྲིག་ཞུས།
༢༠༢༣ ལོའི་འབུམ་ཚོགས་སྐབས།
ཀ། ཁྲོས་མའི་འབུམ་ཚོགས་ཐེངས་གཉིས་པའི་ཉིན་དང་པོའི་ཕྱི་དྲོར། ༧སྐྱབས་རྗེ་གདུང་སྲས་རྣམ་རྒྱལ་ཟླ་བ་རིན་པོ་ཆེ་མཆོག་ནས། སྔོན་འགྲོ་ངོ་སྤྲོད་ཀྱི་བཀའ་ཆོས་དང་མཁའ་འགྲོ་ཐུགས་ཐིག་གི་ལམ་ནས་ཚེ་དབང་གོ་སྒྲིག་ཞུས།
ཁ ཁྲོས་མའི་འབུམ་ཚོགས་ཐེངས་གཉིས་པའི་ཉིན་གཉིས་པའི་ཕྱི་དྲོར། ༧སྐྱབས་རྗེ་རྒྱལ་སྲས་ཤེས་རབ་གྲགས་པ་རིན་པོ་ཆེ་མཆོག་ནས། གཅོད་ཁྲིད་ཀྱི་བཀའ་ཆོས་དང་། མ་གཅིག་ཁྲོས་མ་ནག་མོའི་རྩ་དབང་བཅས་པ་གོ་སྒྲིག་ཞུས། (དབང་གི་དམ་ཚིག་ཏུ་བསྙེན་པ་འབུམ་རེ་དང་། ཉེར་ལྔ་ཆད་མེད་ལ་མཁའ་འགྲོའི་ཚོགས་མཆོད་དབུལ་དགོས།)
༢༠༢༣ ལོའི་བཀའ་ཆོས་གཞན་དག
ཀ ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༥ པའི་ནང་ཉིན་གཉིས་རིང་། ༧སྐྱབས་རྗེ་རྒྱལ་སྲས་ཤེས་རབ་གྲགས་པ་རིན་པོ་ཆེ་མཆོག་ནས། ཁྲོས་མ་ཉམས་ལེན་པ་ཁོ་ནར་བཀའ་རྒྱ་དམ་པོ་དང་བཅས་གཅོད་ཁྲིད་ཀྱི་བཀའ་ཆོས་དང་། མ་གཅིག་ཁྲོས་མ་ནག་མོའི་དབང་ཆེན། དེ་བཞིན་ལྗགས་ལུང་བཅས་པ་གོ་སྒྲིག་ཞུས།
ཁ ཕྱི་ལོ་ ༢༠༢༣ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༡༦ ཉིན། འདི་ཕྱོགས་ཀྱི་ཚེས་བཅུ་ཉེར་ལྔ་ཚོགས་མཁན་རྣམ་པར་གཙོོ་བོར་དམིགས་ཏེ། འཇམ་མགོན་གྱི་གསང་ཐིག་སྙིང་པོ་སྐོར་བདུན་ལས་ཡབ་ཀ་དང་ཡུམ་ཀའི་བཀའ་དབང་བཅས་པ་གོ་སྒྲིག་ཞུས།
༢༠༢༤ ལོའི་ཁྲོས་མའི་འབུམ་ཚོགས་སྐབས།
༧སྐྱབས་རྗེ་རྦ་ཁ་རིན་པོ་ཆེ་མཆོག་ནས་ཁྲོས་མའི་རྩ་དབང་དང་། ཐང་རྒྱལ་ཚེ་དབང་། དེ་བཞིན་ཁྲོས་འབྲིང་ལས་བྱང་དང་། གསོལ་ཁ། འགྱེད་བཞི་བཅས་ཀྱི་ལྗགས་ལུང་གོ་སྒྲིག་ཞུས།
༢༠༢༥ ལོའི་ཁྲོས་མ་འབུམ་ཚོགས་སྐབས། ༧སྐྱབས་རྗེ་གདུང་འཛིན་དགའ་རབ་རིན་པོ་ཆེ་མཆོག་ནས་ཁྲོས་མའི་རྩ་དབང་དང་། ཕུར་པའི་བཀའ་དབང་། དེ་བཞིན་བཀའ་ཆོས་ལ་ཁྲོས་མའི་འཕོ་བའི་འཁྲིད་ལུང་། སྔོན་འགྲོའི་འཁྲིད་ཀ་བཅས་གོ་སྒྲིག་ཞུས་པ་སོགས་མདོ་ན། དུས་ནས་དུས་སུ་གུས་འབངས་ནས་ཐོག་མའི་དམིགས་ཡུལ་གཞིར་བཟུང་རང་གཞན་གཉིས་ཀའི་དོན་དུ་བསྟན་པའི་བྱ་བ་ཕྲན་བུ་རེ་འཇིག་རྟེན་ཆོས་བརྒྱད་དང་མ་འདྲེས་པ་ཞིག་ཡོང་ཐབས་སུ་འབད་འབུངས་ཞུ་བཞིན་ཡོད་ཁུལ་ལགས་པ་བཅས་སོ།།